པེ་ཅིན་མཁར་གྱི་མགྱོགས་བྲིས།

འུར་སྒྲོག་བྱས་པའི་དཔའ་བོའི་རྡོ་རིང་དང་།།
རྒྱང་དུ་གྲགས་པའི་གནམ་མཆོད་སྟེགས་བུ་དང་།།
ཁྲག་གིས་བཞེངས་པའི་སྒོ་མོའི་ཐང་ཆེན་སོགས།།
མཐོང་ཚེ་མ་ངེས་ཚོར་བས་མིག་ཆུ་ཤོར།།

ལྷ་ཡིས་བཏུང་ན་བདུད་རྩིར་གྲགས་པའི་ཆུ།།
དམྱལ་ཁམས་པ་ལ་ཁྲོ་ཆུ་ཡིན་རབས་གསུང་།།
གཅིག་གི་ཕུན་ཚོགས་གཅིག་གི་རྒུད་བྱེད་དུ།།
གྲུབ་པ་འདི་ལ་ཆོས་ཉིད་ཅེས་ཀྱང་འབོད།།

འགྱུར་འགྲོས་རྦ་རླབས་ལྡིང་བའི་དུས་རབས་འདིར།།
རྟ་རྗེས་བོང་བུས་མིན་རབས་བརྗོད་མོད་ཀྱང་།།
སྔོན་ཐོན་གྲས་སུ་འཚང་བའི་མི་རིགས་འདིའི།།
བྱུང་བ་རང་རེ་ལས་ནི་ལྷག་མི་གདའ།།

དེ་བས་ཏི་སེ་གངས་ལས་མཆེད་པའི་བུ་།།
རྨིག་བཞི་སྒྲོག་ལ་ཚུད་པ་བདེན་མོད་ཀྱང་།།
སྔོན་གཤེགས་དཔའ་བོའི་འགྱུར་མེད་རེ་བཞག་སྟེ།།
རྟ་ནག་སྒྲོག་འགྲོས་རྣམ་ཐར་སྐྱོང་བར་རིགས།།

སྒྲུབ་ན་མི་འགྲུབ་བྱ་བ་ཕལ་ཆེར་མེད།།
མ་བསྒྲུབས་ལོ་བརྒྱས་དོན་གཅིག་འགྲུབ་མ་ཡིན།།
དེ་ལྟར་བསམ་ན་ཤེས་ལྡན་གསར་བུ་ཚོ།།
ཤེས་ཡོན་ཆུད་ཟོས་གཏོང་བའི་དུས་མ་ཡིན།།

ཡར་ཀླུང་གཙང་བོའི་འགྲམ་ནས་མཆེད་པའི་བུ།།
ཁྲག་རྒྱུན་རྩམ་ཁུ་འདྲེས་པར་ངོ་མ་གནོངས།།
མཐོ་བ་གནམ་དང་དམའ་བ་ས་གཞིའི་བར།།
རང་ཚུགས་ཐུབ་ན་རང་ཉིད་དཔོན་པོ་ཡིན།།

བཤད་བཤད་རང་གི་མཚང་ལ་ཕོག་མོད་ཀྱང་།།
མ་བཤད་ཁོག་ཏུ་བསྐུངས་ཀྱང་དགོས་པ་ཆུང་།།
བཤད་བཤད་དོན་ལ་འཁེལ་བ་དཀའ་མོད་ཀྱང་།།
མ་བཤད་དེ་བས་འཁེལ་ཐབས་ག་ལ་ཡོད།།

པེ་ཅིན་རྒྱལ་སྤྱིའི་མགྲོན་ཁང་ཆེན་མོ་ནས་༢༠༠༧ལོའི་ཟླ་༤ཚེས་༡༨ཉིན་བྲིས།

No comments:

Post a Comment

དཔྱད་གླེང་སྤེལ་བར་དགའ་བསུ་ཞུ། རང་ཉིད་ཀྱི་མིང་ངམ་མིང་ཚབ་སྤྱོད་འདོད་ན་Comment as:ཞེས་པའི་འགྲམ་གྱི་གདམ་ངའི་ཐིག་བྱང་ལས་Name/URLའདེམས་དགོས་ལ། དེ་མིན་མིང་མེད་པར་སྤེལ་འདོད་ན་ཐད་ཀར་སྤེལ་ཆོག་ལ་ཐིག་བྱང་ལས་Anonymousཞེས་པ་འདེམས་ཀྱང་ཆོག
འདིར་གནས་ཡུལ་རྒྱལ་ཁབ་ཀྱི་ཡུལ་ཁྲིམས་དང་འགལ་བའི་སྐད་ཆ། གང་ཟག་སྒེར་པར་ངོ་མཚང་འབྲུ་བའི་སྐད་ཆ། དེ་བཞིན་ཆོས་ལུགས་དང་རིག་གཞུང་ཕན་ཚུན་ལ་མཐོང་ཆུང་གི་སྐད་ཆ་བཅས་སྤོང་རོགས།
དཔྱད་གཏམ་སྤེལ་ཚར་རྗེས་མདུན་ཤོག་སྟེང་དུ་ཕྱིར་འགྲོ་འདོད་ན་ཀླད་ཀྱི་པོད་ཁུག་གི་མིང་བྱང་སྟེང་དུ་མནན་ན་ཆོག་ལ་འདབས་ཀྱི་Homeཞེས་པའི་སྟེང་དུ་མནན་པས་ཀྱང་ཆོག