རྒྱ་བོད་དབྱིན་གསུམ་ཤན་སྦྱར་གྱི་གསར་བྱུང་རྒྱུན་བཀོལ་མིང་མཛོད་བལྟ་བསྐུལ་གྱི་སྔོན་བརྡ།

མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱི་གསུང་རྩོམ་ལས་བཏུས།

དྲུག་པ།

ཐ་ སྙད་གཏན་ལ་ཕབ་ཚུལ། མིང་མཛོད་དེ་གཉིས་ཀའི་ནང་དུ་མིང་རྙིང་པ་ཉུང་ཤོས་ཤིག་ཁྱབ་གདལ་དུ་གཏོང་བའི་ ཕྱིར་དུ་བཞག་ཡོད་པ་ལས། གཞན་ཐམས་ཅད་གསར་བྱུང་གི་དངོས་པོའི་ཐ་སྙད་གསར་བ་ཤ་སྟག་ཡིན། ཐ་སྙད་དེ་རྣམས་གཏན་ལ་འབེབས་པ་ན། འགའ་ཞིག་ནི་དངོས་པོ་དེའི་རྒྱུ་འབྲས་སམ་དབྱིབས་ཁ་དོག་བྱེད་ལས་ཐོན་ཡུལ་བཅས་ལ་ བརྟགས་ནས་མིང་གསར་དུ་བཏགས། དེ་ཡང་ཅི་ནུས་ཀྱིས་རང་རེའི་ཕ་མེས་གོང་མ་རྣམས་ཀྱི་མིང་གདགས་ཚུལ་ལྟར་དུ་དོན་ སྟོན་ཞིང་བརྗོད་བདེ་བ་ཡི་གེ་ཉུང་བར་བྱས་སོ། །འགའ་ཞིག་ནི་དབྱིན་ཡིག་དང་རྒྱ་ཡིག་གི་མིང་སྔར་ཡོད་པ་བསྒྱུར། དེ་ཡང་སྒྲ་སྦྱོར་བམ་པོ་གཉིས་པ་ལས་གཏན་ལ་ཕབ་པའི་ཡིག་སྒྱུར་གྱི་ཚུལ་དང༌། དེང་རབས་ཀྱི་ཡིག་སྒྱུར་བྱེད་ཚུལ་ཡོངས་སུ་གྲགས་པ་རྣམས་ལ་བརྟེན་ནས་བསྒྱུར། བསྒྱུར་གཞི་མིང་དེ་སྤྱིར་བཏང་ལ་དངོས་པོ་དེ་ཐོན་ཡུལ་ཕྱི་གླིང་ངམ་རྒྱ་ནག་གང་ ཡིན་གྱི་ཡི་གེ་དབང་བཙན་དུ་བྱས། དམིགས་བསལ་ལ་དོན་དང་གང་འབྱོར་བ་དེ་ཉིད་གཙོ་བོར་བཟུང་ངོ༌། །མིའམ་ས་མིང་སོགས་ཀྱི་ཟུར་ལས་གྲས་པ་ལྟ་བུའི་ཐ་སྙད་ཉུང་ཟད་ཅིག་ནི་གཞན་གྱི་ སྐད་སོར་བཞག་བྱས། དམིགས་བསལ་གྱི་ཐ་སྙད་འགའ་ཞིག་ནི་ཉམས་མཚར་སོགས་ཀྱི་ཆེད་དུ་བོད་སྐད་ཀྱི་དོན་ སྟོན་ཞིང་གཞན་སྐད་ཀྱི་གདངས་མ་མཉམས་པར་བྱས་ཡོད་དོ། །ཐ་སྙད་དེ་རྣམས་ཐམས་ཅད་ཀྱང་སོ་སོའི་རང་ས་ནས་བཟོས་པ་ཙམ་མ་ཡིན་པར་སྒྲིག་པ་པོ་ ཐམས་ཅད་ལྷན་དུ་འདུས་ནས་མིང་རེ་རེ་བཞིན་དུ་བགྲོ་གླེང་ཞིབ་མོར་བྱས་ནས་བརྗོད་ བྱའི་དོན་དང་འབྱོར་མི་འབྱོར། བརྗོད་པ་བདེ་མི་བདེ། བོད་སྤྱིའི་སྐད་དུ་སོང་མ་སོང་སོགས་ལ་བརྟག་དཔྱད་ཡང་ཡང་བྱས་པར་མ་ཟད། བོད་ཆོལ་ཁ་གསུམ་གྱི་ས་གནས་སོ་སོའི་སྐད་ཡིག་ལ་མཁས་པ་རྣམས་ཀྱི་མདུན་དུ་དགོངས་ འཆར་བསྡུ་བའི་ཕྱིར་དུཐོག་མའི་མ་ཟིན་ཕུལ་ཞིང༌། དགོངས་འཆར་གནང་བ་རྣམས་ལ་བླང་དོར་ཚུལ་བཞིན་དུ་བྱས་པ་ཡིན་པས། བརྗོད་བྱའི་དོན་དང་མཐུན་ཞིང་མ་མཐར་ཡང་བོད་མཐའ་དབུས་ཡོངས་ལ་གོ་བརྡ་འཕྲོད་ལ། ཕལ་མོ་ཆེ་ཞིག་བརྗོད་ཀྱང་བདེ། རེ་ཟུང་ཞིག་ཐོག་མར་མི་བདེ་བ་ལྟར་སྣང་ཡང་ཅུང་ཟད་ལོབས་པ་ན་བདེ་བས་ཕལ་ཆེར་ཐ་ སྙད་སྐྱོན་མེད་པ་རེ་ཡིན་པར་སེམས་སོ། །

བདུན་པ།

སྙིང་ ཐག་པའི་རེ་ཞུ། བོད་ཁ་བ་ཅན་གྱི་ཞིང་འབྲོག་མི་མང་བྱིངས་དང་གྲོང་ཁྱེར་གྱི་སྡོད་དམངས། དགོན་པའི་གྲྭ་ཚང༌། སློབ་གྲྭའི་དགེ་རྒན་དང་སློབ་མ། ལས་ཁུངས་སོ་སོའི་མི་སྣ་རྣམས་ལ་སྙིང་ཐག་པ་ནས་ཞུ་བ་ནི། སྐད་ཡིག་ཉམས་ན་རིག་གནས་ཀྱི་རྨང་གཞི་མེད་པས་མི་རིགས་ཀྱི་རིག་གནས་རིང་དུ་མི་ གནས། མི་རིགས་ཀྱི་རིག་གནས་མེད་ན་ཡུལ་སྲོལ་གོམས་གཤིས་དང་བསམ་བློའི་འཁྱེར་སོ། །དད་འདུན་དང་ལོ་རྒྱུས་ཐམས་ཅད་འཇིག་པས་མི་རིགས་དེ་རིང་དུ་མི་གནས། མི་རིགས་ཀྱི་ངོ་བོ་ཉམས་པར་གྱུར་ན། དེའི་རྗེས་ནས་ཡར་རྒྱས་སུ་ཅུང་ཟད་སོང་ཡང༌། དེ་ནི་གཞན་ཞིག་ཡར་རྒྱས་སུ་སོང་བ་ཡིན་གྱི། བོད་མི་རིགས་ཡར་རྒྱས་སུ་སོང་བ་མ་ཡིན་པར་མ་ཟད་མཇུག་རྫོགས་པར་གྱུར་པ་ཡིན་ནོ། །དེས་ན་ཐམས་ཅད་ཀྱི་རྩ་བ་སྐད་ཡིག་ལ་ཐུག་པ་ཤེས་པར་བྱས་ཏེ། སྐད་ཡིག་ལ་གཅེས་འཛིན་བྱ་དགོས། དེ་ཡང་མི་རེ་རེ་བཞིན་དུ་ཐོག་མར་རང་གི་སྟེང་ནས་བསྒྲུབ་དགོས་པས། ད་ནས་བཟུང་རང་སྐད་གཙང་མ་ཞིག་སྨྲ་བར་ཅིས་ཀྱང་ཞུ་ཞུ། མིང་མཛོད་འདི་ཐོག་མར་དེབ་ཁྲི་ཕྲག་གཅིག་དགོན་པ་སོ་སོ་དང༌། སློབ་གྲྭ་ཁག་དང༌། འབྲེལ་ཡོད་ལས་ཁུངས་སོགས་ལ་རིན་མེད་དུ་འབུལ་རྒྱུ་ཡིན་ལ། གཞན་རྣམས་ཀྱང་རིན་གོང་ཅུང་ཟད་ཆུང་བར་བྱས་ཏེ། ས་གནས་སོ་སོའི་དཔེ་ཚོང་ཁང་སོགས་བརྒྱུད་ནས་འགྲེམ་སྤེལ་བྱ་རྒྱུ་ཡིན་པས་བཏང་ སྙོམས་སུ་མི་གཞག་པར་དུས་ཐོག་ཏུ་དོན་གཉེར་གནང་ནས། འདིའི་ཐ་སྙད་རྣམས་ཁོང་དུ་ཆུད་པ་དང་ཁ་ལ་བྱང་བ་ཞིག་བྱེད་པར་སྙིང་ཐག་པ་ནས་ཞུ་ བ་ལགས་སོ།།

བརྒྱད་པ།

སླད་མའི་ཞུ་ གསོལ། གོང་དུ་སྨྲས་པ་བཞིན་མིང་མཛོད་འདི་གཉིས་བསྒྲིག་པའི་བྱ་བའི་ནང་དུ་ཁོ་བོ་ཅག་ གི་རང་ནུས་ཅི་ཡོད་ཀྱིས་ནན་ཏན་བྱེད་ཁུལ་ཡིན་མོད། དེ་ལྟ་ནའང་སྤྱིར་རིག་གནས་ཀྱི་ཚད་ཞན་ཅིང༌། ཁྱད་པར་དུ་མིང་མཛོད་བསྒྲིག་རྒྱུའི་ཉམས་མྱོང་ཆེར་མེད་པ་དང༌། སྐབས་འགར་ནན་ཟབ་བྱེད་རྒྱུས་མ་འདངས་པ་སོགས་ཀྱི་སྐྱོན་ཡང་ཡོད་སྲིད་པས། བོད་ཀྱི་སྐད་ཡིག་གི་ཆེད་ལས་མཁས་པ་སོགས་ཀྱིས་སྐྱོན་ཡོད་པ་དང་མ་འདང་བའི་སྐོར་ ལ་སུན་འབྱིན་དང་ལེགས་བཅོས་ཀྱི་དགོངས་འཆར་དག་ཡིག་ཐོག་གམ་ཁ་པར་སོགས་ཀྱི་ལམ་ ནས་ལྷུག་པར་གནང་བར་མཛད་དུ་གསོལ། དགོངས་འཆར་གྱི་འཕྲིན་ཡིག་བསྐུར་ཡུལ་ལམ་ཁ་པར་ཨང་གྲངས་སམ་དྲྭ་ཡིག་ཁ་བྱང་རྣམས་ མིང་མཛོད་དང་མཉམ་དུ་འབུལ་རྒྱུ་ཡིན་ནོ། །ཞེས་པའང་བོད་རབ་གནས་མེ་ཕག་ཟླ་༡༠པའི་ཚེས་༡༩ཉིན་ཚུལ་ཁྲིམས་བློ་གྲོས་ཀྱིས་གྲོང་ཁྱེར་པདྨ་ཅན་དུ་བྲིས་པའོ། ། ། །

-- <<གཡུ་མདོག་གི་ཕ་ཁྱིམ་>>པོད་ཁུག་ལས་བཤུས།

No comments:

Post a Comment

དཔྱད་གླེང་སྤེལ་བར་དགའ་བསུ་ཞུ། རང་ཉིད་ཀྱི་མིང་ངམ་མིང་ཚབ་སྤྱོད་འདོད་ན་Comment as:ཞེས་པའི་འགྲམ་གྱི་གདམ་ངའི་ཐིག་བྱང་ལས་Name/URLའདེམས་དགོས་ལ། དེ་མིན་མིང་མེད་པར་སྤེལ་འདོད་ན་ཐད་ཀར་སྤེལ་ཆོག་ལ་ཐིག་བྱང་ལས་Anonymousཞེས་པ་འདེམས་ཀྱང་ཆོག
འདིར་གནས་ཡུལ་རྒྱལ་ཁབ་ཀྱི་ཡུལ་ཁྲིམས་དང་འགལ་བའི་སྐད་ཆ། གང་ཟག་སྒེར་པར་ངོ་མཚང་འབྲུ་བའི་སྐད་ཆ། དེ་བཞིན་ཆོས་ལུགས་དང་རིག་གཞུང་ཕན་ཚུན་ལ་མཐོང་ཆུང་གི་སྐད་ཆ་བཅས་སྤོང་རོགས།
དཔྱད་གཏམ་སྤེལ་ཚར་རྗེས་མདུན་ཤོག་སྟེང་དུ་ཕྱིར་འགྲོ་འདོད་ན་ཀླད་ཀྱི་པོད་ཁུག་གི་མིང་བྱང་སྟེང་དུ་མནན་ན་ཆོག་ལ་འདབས་ཀྱི་Homeཞེས་པའི་སྟེང་དུ་མནན་པས་ཀྱང་ཆོག