Showing posts with label གསར་འགྱུར།. Show all posts
Showing posts with label གསར་འགྱུར།. Show all posts

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ནད་རིམས་H1N1ཀ་པ་དེ་ཚོད་ལྟ་ཁང་ཞིག་ལས་ཐོན་པའི་ནད་འབུ་ཞིག་ཡིན་པར་བརྗོད་པ་དེར་ངོས་ལེན་བྱས་མེད།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་གཟའ་ཕུར་བུའི་ཉིན་ཨོ་སི་ཁྲི་ལི་ཡའི་ནད་རིམས་ཉམས་ཞིབ་པ་ཞིག་གིས་H1N1ཀ་པའི་ཆམ་རིམས་ནད་འབུ་དེ་ཚོད་ལྟ་ཞིག་ནས་སྦྱོར་སྐྲུན་བྱས་ཏེ་འཛམ་གླིང་ལ་ཁྱབ་བརྡལ་དུ་བཏང་བ་ཡིན་སྐོར་གྱི་བཤད་ཚུལ་དེར་ངོས་ལེན་མེད་སྐོར་གྱི་གསལ་བསྒྲགས་གནང་ཡོད་པ་རེད།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་འཕྲོད་བསྟེན་གྱི་བདེ་འཇགས་དང་ཁོར་ཡུག་སྡེ་ཁག་གི་འགན་འཛིན་གཞོན་པ་སྨན་རམས་པ་ཁེའེ་ཇིས་ཧྥུ་ཁུ་དཱ་ལགས་ཀྱིས་ཇི་ནི་ཝ་གྲོང་ཁྱེར་དུ་གསར་འགོད་གསལ་བསྒྲགས་སྟེང་དུ་གསུང་དོན། “ཚོད་ལྟ་བྱས་པའི་དཔང་རྟགས་ལས་ར་སྤྲོད་བྱུང་བ་ལྟར་ན། ད་ཐེངས་ཀྱི་ཆམ་རིམས་ནད་འབུ་འདི་རང་བྱུང་གིས་གྲུབ་པ་ཞིག་ཡིན་པ་ལས་ཚོད་ལྟ་ཁང་ག་གེ་མོས་སྦྱོར་སྐྲུན་བྱས་པ་ཞིག་མ་རེད།” ཅེས་བརྗོད་ཡོད།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་མཉམ་འབྲེལ་ཚན་རིག་ལྟེ་གནས་ཁག་གི་ཚན་རིག་པ་རྣམས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཟའ་ཆས་དང་ཞིང་ལས་རྩ་འཛུགས་ཀྱི་ཚན་རིག་པ་ཁག དེ་བཞིན་འཛམ་གླིང་སྲོག་ཆགས་འཕྲོད་བསྟེན་རྩ་འཛུགས་ཀྱི་ཚན་རིག་པ་ཁག་བཅས་དང་ལྷན་དུ་བརྟག་དཔྱད་དང་ཞིབ་འཇུག་གཟབ་ནན་བྱས་མཐར་གོང་གི་བཤད་སྲོལ་དེར་ངོས་ལེན་མེད་པ་ཐག་གིས་བཅད་ཡོད་པ་རེད་ཅེས་སྨན་རམས་པ་ཧྥུ་ཁུ་དཱ་ལགས་ཀྱིས་གསལ་བཤད་གནང་།

ཁོ་མོས་གསུང་དོན། “ཚན་རིག་པ་རྣམས་ཀྱིས་ཚོད་བགམ་གྱི་བཤད་སྟངས་དེར་དོ་སྣང་ནན་མོ་བྱས་མོད། མཐའ་མར་བཤད་སྟངས་འདི་ནི་ཞིབ་འཇུག་བྱེད་རིན་མེད་པ་ཞིག་ཡིན་པ་ར་སྤྲོད་བྱུང་།”

ཉེ་སྔོན་ཨོ་སི་ཁྲི་ལི་ཡའི་ཉམས་ཞིབ་པ་ཨཌ་རིའན་རྒིབ་སི་ལགས་ཀྱིས་འཛམ་གླིང་མི་དམངས་ལ་དོགས་པ་འདི་འདྲ་ཞིག་བསླངས་ཡོད། དེ་ཡང་ད་ཐེངས་ཀྱི་ཆམ་རིམས་ཀྱི་ནད་འབུ་འདི་ཚན་རིག་པ་ཚོས་སྨན་ཁབ་སྨན་རྫས་སྦྱོར་སྒྲུབ་བྱེད་སྐབས་སྨན་སྦྱོར་སྒོང་བ་ལས་རྐྱེན་དབང་གིས་འཕེལ་འགྱུར་བྱུང་བ་ཞིག་ཡིན་སྲིད་སྐོར་བརྗོད་ཡོད་པ་རེད།

-- ཐེ་བྲག་པས་རྩོམ་སྒྱུར་བྱས།

དཔལ་འབྱོར་ཉམས་རྒུད་ཀྱི་ཤུགས་རྐྱེན།

ཀྲུང་གོའི་ཚོང་བ་ཞིག་གིས་མཛའ་མོ་ལྔའི་འགྲོ་སོང་མུ་མཐུད་དུ་གཏོང་མི་ཐུབ་པའི་རྐྱེན་གྱིས་འགྲན་བསྡུར་ཞིག་བསྡུས་ཏེ་ཁོང་ཚོ་ལས་སུ་ཞིག་ཉར་དགོས་མིན་ཐག་གཅོད་བྱས།
ཆིན་ཏོ་གྲོང་ཁྱེར་གྱི་《ཕྱེད་གླིང་གྲོང་ཁྱེར་ཞོགས་པའི་གསར་འགྱུར་》དུ་བཀོད་པ་ལྟར་ན། ཚོང་བདག་ཧྥན་ལགས་གཉེན་སྒྲིག་བྱས་པ་མ་ཚད་ཕྲུ་གུ་ལྔ་ཡོད་མོད། འོན་ཀྱང་མུ་མཐུད་དུ་རང་ཉིད་ཀྱི་རྒྱུ་ཤུགས་ལ་བརྟེན་ནས་མཛའ་མོ་ལྔ་བསྟེན། མཛའ་མོ་ལྔ་བོས་ཕན་ཚུན་ངོ་ཤེས་པ་མ་ཟད་ཕན་ཚུན་གྱི་གནས་ཚུལ་ཡང་ཤེས་མོད། རང་ཉིད་ལ་ཚོང་བདག་ལས་འབབ་པའི་ཐོབ་ཁེ་སྟེ། ཟླ་རེའི་ཁང་གླའི་སྟེང་དུ་ད་ད་རུང་ཟླ་རེའི་འཚོ་ཐེབས་སྒོར་མོ་༥༠༠༠རེ་ཡོད་པ་དེའི་རྒྱུན་མི་ཆད་ཆེད། ཁོང་ཚོ་ལས་སུ་ཡང་རང་མོས་ཀྱིས་ཚོང་བདག་ཧྥན་དང་ཁ་འབྲལ་འདོད་མ་བྱུང་།
འོན་ཀྱང་། ད་ཐེངས་ཀྱི་འཛམ་གླིང་དངུལ་རྩའི་ཉམས་ཉེས་ཀྱིས་ཚོང་སྡེ་དང་མི་སྒེར་ཡོང་ལ་དཔལ་འབྱོར་ཐོག་དཀའ་ངལ་སྤྲད་ཡོད་རྐྱེན། རྒྱལ་བོའི་རྒྱལ་ས་མ་བདེ་ན་སྤྲང་བོའི་ཉལ་ས་ཡང་མི་བདེ་ཞེས་པའི་དཔེ་ལྟར། འཛམ་གླིང་རང་བཞིན་གྱི་དཔལ་འབྱོར་ཉམས་རྒུད་ཀྱིས་ཁོའི་སྒེར་གྱི་སྐྱིད་སྡོད་འཚོ་བའི་གོམས་གཤིས་ལའང་ཕོག་ཐུག་ཁ་ཟུར་སྣ་ཟུར་ནས་བཏང་། དེ་བས་ཁོས་མཛའ་མོ་ལྔ་ལས་གཅིག་བདམས་ཏེ་ཉར་རྒྱུ་དང་གཞན་པ་རྣམས་གཡུག་རྒྱུ་བྱས།
ཚོང་བདག་ཧྥན་གྱིས་འདེམས་ནོར་མི་ཡོང་ཆེད། ཁོས་ས་གནས་གོས་གཤོམ་ཚོང་སྡེ་ཞིག་གི་སློབ་སྟོན་པ་གླས་ཏེ་སྒེར་གཉེར་འགྲན་བསྡུར་ཞིག་བསྡུས། འགྲན་བསྡུར་གྱི་རྩ་འཛིན་བྱ་ཡུལ་ནི་ཁོང་ཚོའི་ཕྱིའི་མཛེས་སྡུག་དང་ངག་གི་བདེ་ཉམས། ཆང་འཐུང་གི་རྩལ་བཅས་ཡིན་པ་རེད། འོན་ཀྱང་ཐོག་མར་བུ་མོ་ཚོས་འགྲན་བསྡུར་འདིའི་དམིགས་ཡུལ་ག་ལ་ཤེས། རང་ལོ་༢༩ལ་སོན་པའི་བུ་མོ་ཡུའུ་ཡི་གཟུགས་བྱད་གཞན་པ་ཚོ་ལྟར་མི་མཛེས་པའི་རྐྱེན་གྱིས་འགྲན་བསྡུར་གྱི་འགྲན་ཐེངས་དང་པོའི་ནང་ནས་ཕྱིར་ཕུད་བྱས། འདི་ཐད་ལ་བུ་མོ་ཡུའུ་ཧ་ཅང་ཁོང་ཁྲོ་ཟ།
བུ་མོ་ཡུའུ་ཡིས་སེམས་གཏིང་ནས་མཐོང་ཆུང་དང་བརྙས་བཅོས་འདིར་ཤ་འཁོན་རྩོད་རྒྱུ་ཐག་གིས་བཤད། ཁོ་མོས་རང་ཉིད་ཕྱིར་ཕ་ཡུལ་དུ་མ་ལོག་གོང་ཚོང་བདག་ཁོང་དང་ཁོང་གི་མཛའ་མོ་གཞན་པ་བཞི་བོ་དང་མཉམ་དུ་ལྟ་སྐོར་ལ་ཐེངས་ཤིག་འགྲོ་བའི་རེ་འདུན་བཏོན་པ་ལྟར་ཁོང་ཚོས་མོས་མཐུན་བྱས། ལམ་བར་དུ་བུ་མོ་ཡུའུ་ཡིས་རླངས་འཁོར་བསྐོར་ཏེ་གད་པའི་སྟེང་ནས་མར་མཆོང་། བུ་མོ་ཡུའུ་དེ་མ་ཐག་ཤི་བ་དང་གཞན་པ་ཚོར་རྨས་ལྗིད་མོ་ཕོག
ཉེན་རྟོག་པས་ཐོག་པར་འདི་ནི་སྤྱིར་བཏང་གི་དོན་རྐྱེན་ཞིག་ཡིན་པར་འདོད་མོད། འོན་ཀྱང་རྗེས་སུ་བུ་མོ་ཡུའུ་ཡིས་བྲིས་པའི་ཁ་ཆེམས་ཡི་གེ་ལག་ཏུ་རྙེད། ཁ་ཆེམས་ཡི་གེའི་ནང་དུ་དོན་དག་ཚང་མ་གསལ་བོར་བྲིས་ཡོད་པ་རེད།
དོན་རྐྱེན་འདིའི་དབང་གིས་ཚོང་བདག་ཧྥན་གྱིས་རང་ཉིད་ཀྱི་ཀུང་སི་སྒོ་དགོས་བྱུང་བ་མ་ཟད་་འདས་པོ་ཡུའུ་ཡི་ཕ་མར་ཡང་སྒོར་༥༨༠༠༠༠སྤྲོད་དགོས་བྱུང་། དོན་རྐྱེན་ཡོངས་རྫོགས་གསལ་བོར་ཆགས་རྗེས་མཛའ་མོ་གཞན་པ་བཞི་བོས་ཚོང་བདག་ཧྥན་བསྐྱུར་བ་མ་ཟད་ཁོའི་ཆུང་མ་ཡང་ཁོ་དང་ཁ་བྲལ།
བུ་མོ་ཡུའུ་ནི་སྔོན་ཆད་ཆིན་ཏོ་གྲོང་ཁྱེར་གྱི་གསོལ་མགྲོན་ཁང་ཞིག་གི་ཞབས་ཞུ་མ་ཡིན་ཞིང་། ཁོ་མོ་སྤྱི་ལོ་༢༠༠༠ལོར་ཚོང་བདག་ཧྥན་ལ་ཐུག

མཚམས་འདིར་ངས་བོད་ཀྱི་གཏམ་དཔེ་ཞིག་དྲན་ཡོང་།
འདོད་ཆགས་མ་རེད་མགོ་ཆག་རེད།། མགོ་ཀླད་པ་དཀྱི་ལི་སྐོར་བྱེད་རེད།།


-- ཐེ་བྲག་པས་སྡུད་སྒྲིག་བྱས།

འཇིགས་སུ་རུང་བའི་མགོ་རུས།

ཨོ་སི་ཁྲི་ལི་ཡའི་ཉེན་རྟོག་པས་འཇིགས་སུ་རུང་བའི་པར་རིས་ཤིག་འགྲེམས་སྟོན་བྱས། དེ་ནི་གསོད་དུས་མགོ་ནང་དུ་འཛེར་རྡེབ་འཕྲུལ་ཆས་ཀྱིས་བསྟུད་མར་འཛེར་མ་༣༤བརྡབས་ཏེ་བསད་པའི་ཀྲུང་གོ་བ་ཞིག་གི་མགོ་རུས་ཀྱི་Xའོད་ཀྱི་པར་རིས་རེད། ཉེན་རྟོག་པས་ངོ་སྤྲོད་བྱས་པ་ལྟར་ན་མི་འདིའི་མིང་ལ་ཁྲིན་ལིའུ་ཟེར་ཞིང་མི་འདི་འདི་ལྟར་བསད་རྗེས་རོ་གཙང་བོའི་ནང་དུ་གཡུགས་འདུག་ཟེར།
དེ་ཡང་ཉེས་དོན་མྱུལ་ཞིབ་པས་རང་ལོ་༢༧ལ་སོན་པའི་སྐུ་ཞབས་ལིའུ་གསོད་སྟངས་འདི་འདྲའི་གདུག་རྩུབ་ཅན་ཞིག་ཁོས་སྔོན་ཆད་མཐོང་མྱོང་མེད་ཟེར། མི་གསོད་ཉེས་དོན་ཞིབ་དཔྱོད་དཔོན་སྐུ་ཞབས་ལྗེའོ་ཧྥོ་ཡིས་རང་ཉིད་བྱ་བར་ཞུགས་ནས་རང་ལོ་༣༦འགྲོ་བཞིན་ཡོད་ཀྱང་འདི་ལྟ་བུའི་ཉེས་དོན་ཞིག་ལ་ཐུག་མྱོང་མེད་ཅིང་། ད་ཐེངས་ཀྱི་དོན་རྐྱེན་འདིས་ཉེས་དོན་མྱུལ་ཞིབ་པ་ཚོ་ཧོན་འཐོར་དུ་བཅུག་ཡོད་ཟེར།


-- ཐེ་བྲག་པས་བསྡུས་ཏེ་བསྒྱུར།

མི་སྤྱོད་ལས་འདས་པའི་ཉེས་དོན།

༠༩ལོའི་སྤྱི་ཟླ་༤བའི་ཚེས་༢༤ཉིན།

ལུས་པོའི་ཆ་ཤས་ཡོངས་རྫོགས་རྫོང་ཁག་གཉིས་སུ་གཏོར་བའི་སྐྱེས་པ་དེ་ནི་རང་ལོ་༤༩ལ་སོན་པའི་སྐུ་ཞབས་ལྗེ་ཧྥི་རེའེ་ལགས་རེད།
དེ་ཡང་དབྱིན་ཇིའི་ལོན་ཏོན་ཉེན་རྟོག་པས་ཉེ་སྔོན་འདས་པོའི་ལུས་པོའི་ཆ་ཤས་རྫོང་ཁག་གཉིས་སུ་གཏོར་བའི་ཉེས་དོན་ཞིག་བརྩད་གཅོད་བྱས། ཉེས་ཅན་གྱིས་རྐྱེན་ལམ་དུ་ཕྱིན་པའི་མི་དེ་བསད་རྗེས་ཁོའི་གཟུགས་པོ་དུམ་པུ་དུམ་པུར་བཏང་སྟེ་རྫོང་ཁག་གཉིས་ཀྱི་ས་ཁོངས་སུ་གང་སར་གཏོར་ནས་འདས་པོའི་ཐོབ་ཐང་ངོས་མི་ཟིན་པ་བྱས། འོན་ཀྱང་། ཉེན་རྟོག་པ་ཚོས་ཁོའི་གཟུགས་པོའི་ཆ་ཤས་སྡུད་རུབ་དང་གཟུགས་པོའི་ཆ་ཤས་ཀྱི་ཁྱད་རྟགས་ཁག་ལ་བལྟས་པ་བརྒྱུད་མཐའ་མར་རྐྱེན་ལམ་དུ་ཕྱིན་པའི་མི་དེ་ལོན་ཏོན་གྲོང་ཁྱེར་གྱི་ལྷོ་སྒོའི་ཁུལ་གྱི་ཡུལ་མི་ལྗེ་ཧྥི་རེའེ་ཟེར་བ་ཞིག་ཡིན་པ་རྟོགས།
ཉེན་རྟོག་པས་ད་སྔ་ཉེས་དོན་འདིའི་ཐད་དུ་དོགས་གཞི་ཡོད་པའི་མི་གཉིས་འཛིན་བཟུང་བྱས་ཡོད་ལ་ད་ལྟ་ཁོང་གཉིས་ལ་འདྲི་གཅོད་བྱེད་བཞིན་པའི་སྒང་ཡིན་པ་རེད།
ད་བར་དུ་རྐྱེན་ལམ་དུ་ཕྱིན་པའི་འདས་པོ་དེའི་ལག་པ་གཉིས་མ་གཏོགས་གཟུགས་པོའི་ཆ་ཤས་གཞན་པ་ཡོངས་རྫོགས་ཕྱིར་རྙེད་ཡོད་པ་རེད།

-- ཐེ་བྲག་པས་བསྡུས་བསྒྱུར་བྱས།

མིའི་གློ་བའི་ནང་དུ་ཐང་ཤིང་སྐྱེས་པ།

རཱ་ཤེ་ཡའི་མོ་སི་ཁོ་གསར་འགྱུར་དྲ་བས་སྤེལ་བའི་གནས་ཚུལ་ལྟར་ན། རང་ལོ་༢༨ལ་སོན་པའི་ནད་པ་ཞིག་གི་གློ་བའི་ནང་ནས་རིང་ཚད་ལ་ལིའི་སྨིས་༥ཡོད་པའི་ཐང་ཤིང་རྙེད་ཡོད་པ་རེད།
དེ་ཡང་རང་ལོ་༢༨ལ་སོན་པའི་སི་རྡོན་ཁིན་གྱི་བྲང་ཁ་ན་ཞིང་ཁ་ལུད་ཀྱི་ནང་དུ་ཁྲག་ཡོད་པའི་རྐྱེན་གྱིས་སྨན་ཁང་དུ་བརྟག་དཔྱད་དུ་སོང་། སྨན་པ་ཚོས་ཁོང་ལ་གློ་བའི་སྐྲན་ནད་ཕོག་ཡོད་མེད་བལྟ་ཆེད་གློ་ཤུན་ཅུང་ཙམ་བཀོག་པ་ན། ཧང་སངས་དགོས་པ་ཤིག་ལ། སྨན་པ་ཚོས་མི་འདིའི་གློ་བའི་ནང་དུ་ལྗང་མདོག་ལྡན་པའི་ཡལ་ག་ཞིག་རྙེད་པ་རེད། ཁོང་ཚོས་རང་ཉིད་ཀྱི་མིག་ཟུང་ལ་ཡིད་མི་ཆེས་པའི་སྒོ་ནས་མུ་མཐུད་དུ་གཤག་བཅོས་བྱས་པས་མཐའ་མར་ཁོང་ཚོས་ནད་པའི་གློ་བའི་ནང་ནས་ཐང་ཤིང་གི་ཡལ་ག་ཧྲིལ་བོ་ཞིག་ཕྱིར་བཏོན་པ་རེད།
སྨན་པ་ཚོས་བཤད་རྒྱུར། ནད་པ་འདིས་འདི་ལྟ་བུའི་ཐང་ཤིང་ཞིག་ཁ་དབུགས་དང་ཆབས་ཅིག་རྔུབ་ཐུབ་ཐབས་མེད་པས། དོན་དམ་པར་ཐང་ཤིང་གི་ས་བོན་ཞིག་ཁོས་དབུགས་རྔུབ་དུས་གློ་བའི་ནང་དུ་སོང་བ་དང་། དེ་རྗེས་རིམ་བཞིན་ས་བོན་དེར་མྱུ་གུ་འབུས་ཏེ་ཡལ་ག་རྒྱས་པ་རེད་ལ། ནད་པའི་ཁ་ལུད་ཀྱི་ནང་དུ་ཁྲག་ཡོང་བ་ནི་གསར་དུ་འབུས་པའི་ཡལ་གའི་ཚེར་མ་ཡིས་ཁོའི་གློ་བའི་ནང་ངོས་སུ་བརྡར་བའི་རྐྱེན་གྱིས་ཐོན་པ་རེད་ཟེར།

-- ཐེ་བྲག་པས་བསྡུས་ཏེ་བསྒྱུར།

རིན་གོང་ཆེས་དམའ་བའི་འཁོར་ཆུང་།

འཛམ་གླིང་སྟེང་གི་རིན་གོང་ཆེས་དམའ་བའི་འཁོར་ཆུང་སྟེ། ཀྲ་ཀྲ་ནཱ་ནོ་འཁོར་ཆུང་།
རྒྱ་གར་གྱི་ཀྲ་ཀྲ་རླངས་འཁོར་བཟོ་སྐྲུན་ཀུང་སིས་ཉེ་ཆར་འཛམ་གླིང་སྟེང་གི་རིན་ཆེས་དམའ་བའི་རླངས་འཁོར་སྟེ། ཀྲ་ཀྲ་ནཱ་ནོ་འཛམ་གླིང་མི་དམངས་ཀྱི་མི་ལམ་དུ་བཤམས་ཡོད་པ་རེད།
ད་སྔ་ཀྲུང་གོའི་འཁོར་ཆུང་ནང་གི་རིན་གོང་ཆེས་དམའ་ཤོས་ནི་སེའུ་QQརྟགས་ཅན་ཡིན་ལ་དེའི་རིན་གོང་ནི་ཨ་སྒོར་༤༨༠༠ཡིན་ལ། རྒྱ་གར་གྱི་རིན་གོང་ཆེས་དམའ་ཤོས་ནི་སུ་རྫུའུ་ཀིས་མཱ་རུ་ཊི་༨༠༠རྟགས་ཅན་ཡིན་ལ་དེའི་རིན་གོང་ནི་ཨ་སྒོར་༥༠༠༠ཡིན་པ་དང་། ཨ་རིའི་འཁོར་ཆུང་རིན་གོང་ཆེས་དམའ་ཤོས་ནི་ཤེབ་རོ་ལེ་ཨ་ཝིའོ་ཡིན་ལ་དེའི་རིན་གོང་ནི་ཨ་སྒོར་༡༢༠༠༠ཡིན། འོན་ཀྱང་། ད་ཐེངས་གསར་དུ་བུད་པའི་ནཱ་ནོ་རྟགས་ཅན་གྱི་འཁོར་ཆུང་འདིའི་རིན་གོང་ནི་སྒོ་ཁྲལ་དང་ཚོང་ཁེ་བཅས་བརྩིས་རྗེས་ཨ་སྒོར་༢༢༠༠ཡིན་པ་རེད། རིན་གོང་དེ་ནི་ཀྲུང་གོའི་མི་དམངས་ཤོག་སྒོར་གཅིག་ཁྲི་ལྔ་སྟོང་ལའང་སླེབས་ཀྱི་མེད་པ་རེད།
ནཱ་ནོ་འཁོར་ཆུང་གསར་བཟོ་བྱས་པ་འདིས་རྒྱ་གར་མི་དམངས་ཀྱི་སེམས་སུ་འཁོར་ཆུང་ཟེར་བ་དེ་ཕྱུག་པོ་ཚོའི་རྩེད་ཆས་ཙམ་མ་ཡིན་པར་དངོས་སུ་ཁྱིམ་ཚང་རེ་རེར་ཡོད་ཐུབ་པའི་ཉིན་རེའི་འཚོ་བའི་ཆ་ཤས་ཤིག་ཡིན་པའི་ཚོར་བ་སྐྱེ་རུ་བཅུག་ཡོད།

-- ཐེ་བྲག་པས་བསྡུས་ཏེ་བསྒྱུར།

ན་ཆུང་གློག་ཀླད་རྒྱལ་བོ།

རྒྱ་གར་གྱི་རང་ལོ་༡༢ལ་སོན་པའི་སངས་རྗེབ་ནི་བཟང་སྤྱོད་ཀྱི་ཐོག་ནས་གློག་ཀླད་ལ་སིམ་འཛུལ་བྱེད་མཁན་ཞིག་ཡིན་ལ། ད་ལྟ་རྒྱ་གར་གྱི་གྲོང་ཁྱེར་མོམ་བྷེའེ་རུ་ཡོད་པའི་ཆ་འཕྲིན་ལག་རྩལ་བདེ་སྲུང་ཚོང་སྡེ་ཞིག་ཏུ་བློ་འདྲི་སའི་གོ་གནས་བཟུང་ཡོད།
ཁོ་རང་མི་སྒེར་དང་ཚོང་སྡེ་སོགས་ཀྱི་གློག་ཀླད་དུ་སིམ་འཛུལ་བྱས་ཏེ་ཁོང་ཚོའི་གློག་ཀླད་ཀྱི་བདེ་སྲུང་མ་ལག་དེ་ཅི་འདྲའི་འཁོས་ཆུང་ཞིག་ཡིན་པ་ར་སྤྲོད་བྱེད་ཀྱི་ཡོད། ཁོས་ད་བར་དུ་མི་སྒེར་དང་མཉམ་འབྲེལ་ཚོང་སྡེ་༥༠ལྷག་གི་གློག་ཀླད་མ་ལག་ནང་དུ་སིམ་འཛུལ་བྱས་ཡོད་ལ། བརྟག་དཔྱད་བྱས་པ་ལྟར་ན། ན་ཆུང་གློག་ཀླད་སིམ་འཛུལ་བ་མང་ཆེ་བས་གློག་ཀླད་སྤྱོད་མཁན་ཚོའི་གློག་ཀླད་དུ་གཏོར་བཅོམ་རང་བཞིན་ཚབས་ཆེན་ལྡན་པའི་ནད་འབུ་དང་དུག་རིགས་ཡོང་བར་འགོག་རྒོལ་བྱེད་ཀྱི་འདུག་ཟེར་ལ། གོང་གསལ་གྱི་ནད་འབུ་དང་དུག་རིགས་འདི་དག་ལ་གློག་ཀླད་མ་ལག་རྩ་མེད་དུ་གཏོང་བའི་ནུས་པ་ལྡན།


སངས་རྗེབ་ཀྱི་སློབ་སྦྱོང་དང་ལེགས་འགྲུབ་ཀྱི་ལོ་རྒྱུས།


རང་ལོ་༤ཐོག་ཏུ།
མི་ཕལ་བ་ཞིག་གིས་ཟླ་བ་༣གྱི་རིང་ལ་སྦྱོང་དགོས་པའི་གློག་ཀླད་ལེ་ཚན་བཟོ་སྒྲིག་གི་སློབ་ཚན་ཞིག་ཁོས་ཉིན་༡༥ནང་དུ་ཁོང་དུ་ཆུད།

རང་ལོ་༥ཐོག་ཏུ།
གློག་ཀླད་འགུལ་རིས་དང་HTMLསྒྲིག་བཟོའི་ལེ་ཚན། དེ་མིན་རི་མོ་སྒྲིག་བཟོ་ལེ་ཚན་དང་པར་རིས་སྒྲིག་བཟོ་ལེ་ཚན། པར་རིས་རྩོམ་སྒྲིག་ལེ་ཚན་བཅས་ཁོང་དུ་ཆུད།

རང་ལོ་༦ཐོག་ཏུ།
ཕྲ་མཉེན་ཚོང་སྡེའི་ལེ་ཚན་སྒྲིག་བཟོའི་མཐོ་རིམ་ཨང་རྟགས་ཇུས་འགོད་མཁས་པའི་ཐོབ་ཐང་བླངས། དེ་མིན་ལིན་ནཱག་སི་སོགས་ཀྱི་མ་ལག་འགའི་རྩ་ཐོའི་ཨང་རྟགས་ཇུས་འགོད་བཅས་ཀྱི་ཐད་ཞིབ་འཇུག་སློབ་མའི་ཐོབ་ཐང་བླངས།

རང་ལོ་༡༠ཐོག་ཏུ།
དགོས་ངེས་ཚད་གཞི་ཡོངས་ལ་རྒྱུགས་འཕྲོད་དེ་གློག་ཀླད་ལེ་ཚན་ཇུས་འགོད་ཀྱི་ཆེད་ལས་མཁས་པའི་ཐོབ་ཐང་དངོས་སུ་བླངས།


-- ཐེ་བྲག་པས་བསྡུས་ཏེ་བསྒྱུར།

གཤོག་ལྡན་རླངས་འཁོར།


གཤོག་ལྡན་རླངས་འཁོར་འདི་ནི་ཨ་རིའི་གནམ་གྲུ་བཟོ་གྲྭ་ཏེ་རཱ་ཧྥུའུ་རྒྱིས་ཡས་ཉེ་སྔོན་གསར་གཏོད་བྱས་པ་ཞིག་ཡིན་ལ་བསྡུས་མིང་ལ་བར་བརྒལ་ཟེར། གཤོག་ལྡན་རླངས་འཁོར་འདི་ཐོག་མར་ད་ལོའི་སྤྱི་ཟླ་༣པའི་ཚེས་༥ཉིན་གྲོང་ཁྱེར་ནེའུ་ཡོག་གི་ཕི་ལེ་ཚི་བྷག་རྒྱལ་སྤྱིའི་གནམ་ཐང་ནས་བདེ་ལེགས་ངང་འཕུར་བགྲོད་ཚོད་ལྟ་བྱས་ཟིན་ལ། ཚོད་ལྟ་བྱེད་མཁན་གྱི་་ཁ་ལོ་བ་མེ་ཏེར་གྱིས་བཤད་རྒྱུར། “འཕུར་སྐྱོད་ཐེངས་དང་པོ་བྱེད་སྐབས་ཀྱི་གནད་དོན་དང་པོ་ནི་གཏན་བརླིང་ཡིན་མིན་དེ་ཡིན་ལ། འདི་(གཤོག་ལྡན་རླངས་འཁོར)ནི་དངོས་གནས་བྲག་རྡོ་ལྟ་བུའི་སྲ་བརྟན་རེད་”ཟེར།
བར་བརྒལ་འདི་གནམ་གྲུ་ཞིག་ལས་རླངས་འཁོར་ཞིག་ཏུ་འགྱུར་བར་སྐར་ཆ་༣༠ཙམ་མ་གཏོགས་མི་དགོས་ལ། དེ་ཡང་གནམ་ནས་སར་བབས་མ་ཐག་ལམ་སེང་གཤོག་པ་གཉིས་ལྟེབས་རྩེག་བརྒྱབ་པས་ཆོག འདི་ནི་རྩེད་རིགས་གནམ་གྲུ་ཆུང་གྲས་ཀྱི་རིགས་སུ་བགར་ཡོད་པས་ཁ་ལོ་བར་རྩེད་རིགས་གནམ་གྲུའི་ཁ་ལོ་བའི་ལག་ཁྱེར་དགོས། གནམ་གྲུ་བཟོ་གྲྭས་གཤོག་ལྡན་རླངས་འཁོར་འདི་ག་དུས་ཁྲོམ་རར་འགྲེམས་རྒྱུ་ཡིན་མིན་ད་དུང་གསལ་བཤད་བྱས་མེད་ནའང་ད་ལྟ་ནས་མངགས་ཉོ་བྱེད་ཆོག་གི་ཡོད། མངགས་ཉོ་མཁན་གྱིས་ཨ་སྒོར་༡༠༠༠༠གཏའ་མར་འཇོག་དགོས་ལ་གཤོག་ལྡན་རླངས་འཁོར་གྱི་རིན་གོང་ངོ་མ་དེ་ཨ་སྒོར་༡༩༤༠༠༠ཙམ་ཡིན་པར་ཚོད་རྩིས་བྱེད་ཀྱི་ཡོད།

-- ཐེ་བྲག་པས་བསྡུས་བསྒྱུར་བྱས།