གངས་ཁྲོད་དུ་རྒྱུ་བའི་གླུ་དབྱངས།

སྟོད་གངས་དཀར་རི་བོའི་རྩེ་མོ་ན།།
སེང་དཀར་མོ་གསུམ་གྱིས་གཡུ་རལ་ངོམ།།
མགོ་གཡུ་རལ་མ་བདེ་མ་ཡིན་ཏེ།།
ལུས་དཔའ་སྟོབས་རྫོགས་པའི་རྟགས་མཚན་རེད།།

བར་རྫ་རི་སྨུག་པོའི་སྐེད་པ་ན།།
སྟག་ཤ་ར་གསུམ་གྱིས་ཀི་སྐོར་བྱེད།།
ལས་རླུང་རྟ་རྒུད་པ་མ་ཡིན་ཏེ།།
ཞེ་སྡང་སའི་དགྲ་ཞིག་ཡོད་རྟགས་རེད།།

སྨད་སྤང་ལྗོངས་སྔོན་མོའི་དང་ཁུག་ན།།
མ་བུ་མོ་གསུམ་གྱིས་མགྲིན་གླུ་ལེན།།
སེམས་སྣང་བ་སྐྱིད་པ་མ་ཡིན་ཏེ།།
ཡིད་ཤོར་སའི་རོགས་རེ་ཡོད་རྟགས་རེད།།

༢༠༠༧ ལོའི་ཟླ་༨ པའི་ཚེས་༢༤ ཕྱི་དྲོ་རྨེ་བ་རྫོང་མཁར་ནས་བྲིས།

8 comments:

ཐེ་བོ་གྲགས་པ་དང་ཐེ་བོ་ཤེས་རབ་རྒྱ་མཚོ said...

སྐུ་ཞབས་ཐེ་བྲག་པ་ལགས། ད་ལྟ་ངེད་གཉིས་ཀྱིས་དྲ་རྒྱ་སྔོག་སྐབས་ཁྱེད་ཀྱི་པོད་ཁུག་མཐོང་བྱུང་བས་ངེད་གཉིས་ནས་ཁྱེད་ལ་རྟེན་འབྲེལ་ཞུ།

ཐེ་བྲག་པ། said...

ཡུལ་གྱི་བསྐལ་བས་ཆད་ཀྱང་དུངས་པའི་འདུན་པས་སྦྲེལ་བའི་ཐེ་བོ་གྲགས་པ་དང་ཐེ་བོ་ཤེས་རབ་རྒྱ་མཚོ་གཉིས་ལ། ཁྱེད་གཉིས་ཀྱིས་ཁོ་བོར་རྟེན་འབྲེལ་ཞུས་པར་ཐུགས་རྗེ་ཆེ་ཞུ་ཞིང་ཁྱད་པར་ཁོ་བོའི་པོད་ཁུག་ཏུ་ཕེབས་པར་དགའ་བསུ་ཞུ།
འདིར་ཁོར་ཡུག་གི་དབང་གིས་པོད་ཁུག་འདོད་ཐོག་ཏུ་ཡོང་བ་ཞིག་སྤེལ་དཀའ་ནའང་རང་ཉིད་ཀྱི་སྐད་ཡིག་ལ་ཞབས་ཞུ་རེ་སྒྲུབ་པར་པོད་ཁུག་འདི་འདྲས་ཀྱང་རང་ས་ནས་ཕན་ནུས་རེ་ཐོན་ངེས་བསམ་ཏེ་འདི་གཉེར་བ་ཡིན། གལ་སྲིད་ཁྱེད་གཉིས་ལ་པོད་ཁུག་འདི་ལེགས་བཅོས་ཀྱི་ཐད་ལ་བསམ་ཚུལ་འདྲ་ཡོད་ན་ཐད་ཀར་འགོད་རོགས། དཔེར་ན་འདིའི་ཐོག་ཏུ་ཕ་ཡུལ་ཕྱོགས་ཀྱི་པར་དང་སྲིད་དོན་གྱི་ཚོར་སྣང་མི་སྐྱེན་པའི་གནས་ཚུལ་རེ་བཀོད་ན། ཁྱེད་ཚོ་ལྟ་བུའི་གྲོགས་པོ་ཚོའི་ཐུགས་འདུན་སྐོང་ཐུབ་པ་འདུག་གམ།
དེ་མིན་ཁྱེད་ཀྱིས་པོད་ཁུག་འདིར་ཟིན་བྲིས་སྤེལ་འདོད་ན་ཁོ་བོས་ཁྱེད་གཉིས་ལ་དེ་ཐད་ཀྱི་ས་མིག་ཕུལ་ཆོག
བརྩེ་བ་དང་བཅས།
རྒྱ་ཡུལ་ཁྲིན་ཏུའུ་གྲོང་ཁྱེར་ནས།

ཐེ་བོ་གྲགས་པ་དང་ཐེ་བོ་ཤེས་རབ་རྒྱ་མཚོ། said...

ཁྱེད་ཀྱིས་ངེད་གཉིས་ལ་ཟིན་བྲིས་སྤེལ་སའི་ས་མིག་ཅིག་མཁོ་སྤྲོད་གནང་རྒྱུ་ཞལ་བཞེས་གནང་བར་ངེད་གཉིས་སེམས་བསམ་པའི་གཏིང་ནས་དགའ་བོ་བྱུང་། ཐུགས་རྗེ་ཆེ། འོན་ཀྱང་གནས་སྐབས་ངེད་གཉིས་ཟིན་བྲིས་སྤེལ་སའི་ས་མིག་ལེན་རྒྱུ་མིན། གལ་སྲིད་རྗེས་མ་ངེད་གཉིས་ལ་ཟིན་བྲིས་སྤེལ་རྒྱུའི་ཆ་རྐྱེན་ལྡན་ཚེ་ཁྱེད་ལ་འབྲེལ་བ་ཞུ་ཡི་ཡིན།
ངེད་གཉིས་ཀྱིས་ཁྱེད་ཀྱི་ཟིན་བྲིས་ལ་བལྟས་བ་ཡིན། དཔེ་མི་སྲིད་པ་ཡག་པོ་འདུག རྗེས་སོར་མུ་མཐུད་འདི་ལྟར་བོད་ཀྱི་སྐད་ཡིག་ལ་ཞབས་འདེགས་རེ་བསྒྲུབ་ན་དེ་ནི་མི་སྐྱེས་ཀྱི་རིན་ཐང་ཡིན་པས་ངེད་གཉིས་ས་མཐའ་འདིར་སེམས་དགའ་ནས་བསྡད་ཡོད།
སྟབས་ཀ་ལྡན་ཚེ་མཚམས་རེ་ཕ་ཡུལ་གྱི་མཛེས་ལྗོངས་དང་ཡུལ་མི་ཚོའི་ད་ལྟའི་འཚོ་བ་སྐྱེལ་སྟངས་སོགས་ཀྱི་པར་རེ་འཇོག་ཐུབ་ན་ང་ཚོ་ཕ་ཡུལ་དུ་དངོས་སུ་ཕྱིར་སླེབས་པ་ལྟར་སེམས་ལ་སྨྲ་མི་ཤེས་བའི་དགའ་སྤྲོ་སྐྱེ་ངེས་ཡིན།
ཁྱེད་ཀྱི་གང་བརྩམས་ལེགས་ལམ་ཡོང་བའི་སྨོན་འདུན་ཞུ།

བསེ་རོང་དཀོན་མཆོག་འོད་ཟེར། said...

བརྩེ་བའི་གྲོགས་པོ་ཐེ་བྲག་བསྟན་པ་ལགས་ཁམས་བཟང་། ཁྱེད་ཀྱིས་སྤེལ་བའི་པོད་ཁུག་འདི་ཐེངས་དང་པོ་མཇལ་བ་ཙམ་གྱིས་དགའ་སྤྲོ་ཆེན་པོ་བྱུང་། སྤྱིར་ང་ཚོ་ཐེ་བོ་ཕྱོགས་ནས་བོད་རང་གི་སྐད་ཡིག་ཐོག་ལ་ཞབས་འདེགས་ཞུ་མཁན་ཧ་ཅང་ཉུང་ཉུང་ཡིན་པའི་སྐབས་འདིར་ཁྱེད་ཀྱིས་རང་ཉིད་ཀྱི་འཚོ་བ་གཉེར་ཞོར་དུ་འདི་འདྲའི་ལས་དོན་འགྲུབ་པ་འདིས་མ་འོངས་པའི་གཞོན་སྐྱེས་ཚོར་བག་ཆགས་ཟབ་མོ་ཐེབས་ངེས་རེད་ལ། ས་ཁུལ་འདིའི་ལ་རྒྱའང་རེད། ངས་སེམས་གཏིང་ནས་ཁྱེད་ཀྱི་པོད་ཁུག་འདི་ལ་འགལ་རྐྱེན་གྱི་མཚན་མ་གང་ཡང་མེད་པར་སྔར་ལས་ཡར་རྒྱས་ཡོང་བའི་སྨོན་འདུན་ཞུ་བ་དང་ཁྱབ་ཅིག་ཏུ་ཐེ་བོ་ཕྱོགས་ཀྱི་ཡུལ་ལྗོངས་ཕུན་སུམ་ཚོགས་པ་རེ་བཀོད་དེ་ཡུལ་ལྗོངས་ངོ་སྤྲོད་ལེ་ཚན་ཞིག་སྐྲུན་ཐུབ་པའི་རེ་བ་དང་བཅས་བསེ་རོང་འོད་ཟེར་ནས་ཕུལ།

ཐེ་བོ་འོད་ཟེར། said...

ཁ་བའི་འདབ་ནས་སྐྱེས་ཀྱང་།།
ཁ་བ་མ་མ་བཞིན་དུ།།
ཁ་ཕྱོགས་གང་སར་འཕུར་བ།།
ཁ་བའི་ལས་དབང་ལོས་ཡིན།།

ཁ་བའི་བརྩེ་སེམས་དཀར་པོ།།
ཁ་སྙན་དབང་ལ་མ་སོང་།།
ཁ་འཇམ་ཁོག་དཀར་ངང་ནས།།
ཁ་བའི་ལ་རྒྱ་བཟུང་རོགས།།

ཁ་འཇམ་ཁོག་རྩུབ་བྱས་ན།།
ཁ་ཟས་བདུང་རྩིར་རོལ་ཡང།།
ཁ་བའི་མར་རྩམ་གནང་བཞིན།།
ཁ་ཟས་བྲོ་བ་མེད་འགྲོ།།

ཁ་བ་ཅན་ལ་བཅིངས་པའི།།
ཁ་བའི་མེ་ཏོག་ཆུན་པོ།།
ཁ་ཁོག་མེད་པའི་ངང་ནས།།
ཁ་བའི་ལྗོངས་ལ་འབུལ་འདོད།།

ཁ་ནས་གང་བྱུང་སྙིང་གཏམ།།
ཁ་དང་སྣ་ལ་རེག་ན།།
ཁ་རོགས་བཟོད་སྒོམ་ལམ་ནས།།
ཁ་མཆུ་རྩོད་པ་གནང་།།

ཁ་ཕྱོགས་མེད་པའི་རྩོད་པས།།
ཁ་བའི་རྗེས་ལས་ལས་དབང་།།
ཁ་མདོག་འགྱུར་བ་ཙམ་ལས།།
ཁ་བའི་དབུ་འཕང་སྨད་འགྲོ།།

ཁ་བ་དཀར་པོའི་ཡུལ་གྱི།།
ཁ་བའི་འདབ་མར་འཁྲེང་བཞིན།།
ཁ་དོག་རྣམ་པར་བཀྲ་བའི།།
ཁ་བའི་འདུན་ལམ་སྙེགས་འགྲོ།།

ཁ་བའི་ལས་དབང་འདི་ལ།།
ཁ་དོག་མེད་པ་མིན་ཡང་།།
ཁ་བའི་རྗེས་ལུས་དབང་གིས།།
ཁ་དོག་ཀུན་ནས་དབེན་འདུག།

ཁ་བའི་ཡུལ་ལྗོངས་འདི་ལ།།
ཁ་བའི་མེས་པོ་དམ་པས།།
ཁ་བའི་གཅེས་ནོར་རིག་གཞུང་།།
ཁ་བ་ཅན་ལ་བཞག་ཡོད།།

ཁ་བའི་གཅེས་ནོར་དེ་དག།།
ཁ་བ་ཅན་གྱི་གཞོན་ནུས།།
ཁ་གསལ་ངོས་འཛིན་ལམ་ནས།།
ཁ་ཁོག་མེད་པར་སྦྱོང་དགོས།།

ཁ་བའི་རིག་གཞུང་འདི་ལ།།
ཁ་དོག་རྣམ་པར་བཀྲ་བས།།
ཁ་དོག་དབྱེར་མེད་མི་མང་།།
ཁ་བ་ཅན་ལ་འཁོར་ཡོད།།

ཁ་ཁོག་གཉིས་མེད་ངང་ནས།།
ཁ་བའི་ལས་དབང་དོན་དུ།།
ཁ་ཙམ་མིན་པའི་འབད་འབུངས།།
ཁ་བའི་གཞོན་ནུས་ལོས་ཤེས།།

ཁ་བ་ཅན་གྱི་གཞོན་ནུས།།
ཁ་བའི་ལས་དབང་མཁོ་བའི།།
ཁ་བརྡ་གླེང་མོལ་ཚུན་ཆད།།
ཁ་བའི་གོམས་གཤིས་འཛིན་དགོས།།

ཁ་བའི་སྤྱི་ཚོགས་ཧྲིལ་བོར།།
ཁ་སྐད་སྣ་ཚོགས་འདྲེས་ན།།
ཁ་བ་ཅན་གྱི་ཚེ་སྲོག།།
ཁ་ནས་འཇིག་འགོ་བརྩམ་འགྲོ།།

ཁ་སྐད་གཙང་མའི་ལམ་ནས།།
ཁ་བ་ཅན་གྱི་སྐད་ཡིག།།
ཁ་བའི་རང་བཞིན་ལྡན་པ།།
ཁ་བའི་གཞོན་ནུས་འཛིན་དགོས།།

ཁ་བའི་ཕ་སྐད་གཙང་མ།།
ཁ་ནས་གསལ་དག་བརྗོད་ན།།
ཁ་བའི་ཚེ་སྲོག་འདི་ལ།།
ཁ་ནས་གསོན་ཤུགས་སྟེར་འགྲོ།།

ཁ་སྐད་འདྲེས་མ་སྣ་ཚོགས།།
ཁ་ནས་གང་བྱུང་འཐོར་བ།།
ཁ་ལྕེའི་འབྱོན་ཐང་སྒོམ་ཡང་།།
ཁ་བའི་གཤེད་མ་ཡིན་འགྲོ།།

ཁ་སྐད་གཙང་མ་འདི་ལ།།
ཁ་བའི་རྒན་གཞོན་ཚང་མས།།
ཁ་ཙམ་མིན་པའི་སྒོ་ནས།།
ཁ་ནས་གཅེས་སྐྱོང་བརྩམ་དགོས།།

ཁ་བའི་ཕ་ས་འདི་ལ།།
ཁ་མིན་དོན་གྱི་འབྲས་བུ།།
ཁ་བའི་མི་རབས་འདི་ཡིས།།
ཁ་གསལ་འཇོག་རན་མིན་འགྲོ།།

ཐེ་བོ་མགོན་པོ་དོན་འགྲུབ་ནས་ཕུལ། said...

ཐེ་བྲག་པ་ལགས་སྐུ་ཁམས་བཟང་། སྐུ་ཉིད་ཀྱི་པོད་ཁུག་མུ་མཐུད་དེ་ཡར་རྒྱས་འགྲོ་བར་སྨོན་འདུན་ཞུ།

Anonymous said...

ཐེ་བྲག་པ་ལགས།
ཐེ་བོ་སྨད་མ་འབྲུག་རྫོང་དུ་རི་རྙིལ་དང་ཆུ་ལོག་འདྲེས་མའི་གནོད་ཚབ་འོག་འདས་གྲོངས་སུ་སོང་བ་རྣམས་ཀྱི་ཁྱེད་དུ་མྱ་ངན་གྱི་ལེ་ཚན་ཆེད་སྒྲིག་རེ་བྱས་ན་ཕན་རླབས་ཆེ་བར་མཐོང་།

Anonymous said...

ཐེ་བྲག་ལགས་ཁམས་བདེ་འཚམས་འདྲི་བཀྲིས་བདེ་ལེགས་ཞུ་བ་དང་ཆབས་གཅིག་་་གློག་ཀླད་དྲ་ངོས་སུ་ཐེ་བོ་ཞེས་པའི་ཐ་སྙད་འདི་ཁྱེད་ཀྱིས་ཐེ་བོའི་ཞེས་པའི་མིང་འདི་ཐོག་མར་འཛམ་གླིང་མི་མང་གི་མིག་སྔར་གཤམ་པ་ནི་འགའ་འོས་པའི་གནས་ཚུལ་ཞིགརེད།
ད་དུང་རྗེས་ཕྱོགས་ཡར་རྒྱས་སུ་གཏོང་ཐུབ་ན་ཤུན་ཏུ་ལེགས་།

Post a Comment

དཔྱད་གླེང་སྤེལ་བར་དགའ་བསུ་ཞུ། རང་ཉིད་ཀྱི་མིང་ངམ་མིང་ཚབ་སྤྱོད་འདོད་ན་Comment as:ཞེས་པའི་འགྲམ་གྱི་གདམ་ངའི་ཐིག་བྱང་ལས་Name/URLའདེམས་དགོས་ལ། དེ་མིན་མིང་མེད་པར་སྤེལ་འདོད་ན་ཐད་ཀར་སྤེལ་ཆོག་ལ་ཐིག་བྱང་ལས་Anonymousཞེས་པ་འདེམས་ཀྱང་ཆོག
འདིར་གནས་ཡུལ་རྒྱལ་ཁབ་ཀྱི་ཡུལ་ཁྲིམས་དང་འགལ་བའི་སྐད་ཆ། གང་ཟག་སྒེར་པར་ངོ་མཚང་འབྲུ་བའི་སྐད་ཆ། དེ་བཞིན་ཆོས་ལུགས་དང་རིག་གཞུང་ཕན་ཚུན་ལ་མཐོང་ཆུང་གི་སྐད་ཆ་བཅས་སྤོང་རོགས།
དཔྱད་གཏམ་སྤེལ་ཚར་རྗེས་མདུན་ཤོག་སྟེང་དུ་ཕྱིར་འགྲོ་འདོད་ན་ཀླད་ཀྱི་པོད་ཁུག་གི་མིང་བྱང་སྟེང་དུ་མནན་ན་ཆོག་ལ་འདབས་ཀྱི་Homeཞེས་པའི་སྟེང་དུ་མནན་པས་ཀྱང་ཆོག