རིན་གོང་ཆེས་དམའ་བའི་འཁོར་ཆུང་།

འཛམ་གླིང་སྟེང་གི་རིན་གོང་ཆེས་དམའ་བའི་འཁོར་ཆུང་སྟེ། ཀྲ་ཀྲ་ནཱ་ནོ་འཁོར་ཆུང་།
རྒྱ་གར་གྱི་ཀྲ་ཀྲ་རླངས་འཁོར་བཟོ་སྐྲུན་ཀུང་སིས་ཉེ་ཆར་འཛམ་གླིང་སྟེང་གི་རིན་ཆེས་དམའ་བའི་རླངས་འཁོར་སྟེ། ཀྲ་ཀྲ་ནཱ་ནོ་འཛམ་གླིང་མི་དམངས་ཀྱི་མི་ལམ་དུ་བཤམས་ཡོད་པ་རེད།
ད་སྔ་ཀྲུང་གོའི་འཁོར་ཆུང་ནང་གི་རིན་གོང་ཆེས་དམའ་ཤོས་ནི་སེའུ་QQརྟགས་ཅན་ཡིན་ལ་དེའི་རིན་གོང་ནི་ཨ་སྒོར་༤༨༠༠ཡིན་ལ། རྒྱ་གར་གྱི་རིན་གོང་ཆེས་དམའ་ཤོས་ནི་སུ་རྫུའུ་ཀིས་མཱ་རུ་ཊི་༨༠༠རྟགས་ཅན་ཡིན་ལ་དེའི་རིན་གོང་ནི་ཨ་སྒོར་༥༠༠༠ཡིན་པ་དང་། ཨ་རིའི་འཁོར་ཆུང་རིན་གོང་ཆེས་དམའ་ཤོས་ནི་ཤེབ་རོ་ལེ་ཨ་ཝིའོ་ཡིན་ལ་དེའི་རིན་གོང་ནི་ཨ་སྒོར་༡༢༠༠༠ཡིན། འོན་ཀྱང་། ད་ཐེངས་གསར་དུ་བུད་པའི་ནཱ་ནོ་རྟགས་ཅན་གྱི་འཁོར་ཆུང་འདིའི་རིན་གོང་ནི་སྒོ་ཁྲལ་དང་ཚོང་ཁེ་བཅས་བརྩིས་རྗེས་ཨ་སྒོར་༢༢༠༠ཡིན་པ་རེད། རིན་གོང་དེ་ནི་ཀྲུང་གོའི་མི་དམངས་ཤོག་སྒོར་གཅིག་ཁྲི་ལྔ་སྟོང་ལའང་སླེབས་ཀྱི་མེད་པ་རེད།
ནཱ་ནོ་འཁོར་ཆུང་གསར་བཟོ་བྱས་པ་འདིས་རྒྱ་གར་མི་དམངས་ཀྱི་སེམས་སུ་འཁོར་ཆུང་ཟེར་བ་དེ་ཕྱུག་པོ་ཚོའི་རྩེད་ཆས་ཙམ་མ་ཡིན་པར་དངོས་སུ་ཁྱིམ་ཚང་རེ་རེར་ཡོད་ཐུབ་པའི་ཉིན་རེའི་འཚོ་བའི་ཆ་ཤས་ཤིག་ཡིན་པའི་ཚོར་བ་སྐྱེ་རུ་བཅུག་ཡོད།

-- ཐེ་བྲག་པས་བསྡུས་ཏེ་བསྒྱུར།

ན་ཆུང་གློག་ཀླད་རྒྱལ་བོ།

རྒྱ་གར་གྱི་རང་ལོ་༡༢ལ་སོན་པའི་སངས་རྗེབ་ནི་བཟང་སྤྱོད་ཀྱི་ཐོག་ནས་གློག་ཀླད་ལ་སིམ་འཛུལ་བྱེད་མཁན་ཞིག་ཡིན་ལ། ད་ལྟ་རྒྱ་གར་གྱི་གྲོང་ཁྱེར་མོམ་བྷེའེ་རུ་ཡོད་པའི་ཆ་འཕྲིན་ལག་རྩལ་བདེ་སྲུང་ཚོང་སྡེ་ཞིག་ཏུ་བློ་འདྲི་སའི་གོ་གནས་བཟུང་ཡོད།
ཁོ་རང་མི་སྒེར་དང་ཚོང་སྡེ་སོགས་ཀྱི་གློག་ཀླད་དུ་སིམ་འཛུལ་བྱས་ཏེ་ཁོང་ཚོའི་གློག་ཀླད་ཀྱི་བདེ་སྲུང་མ་ལག་དེ་ཅི་འདྲའི་འཁོས་ཆུང་ཞིག་ཡིན་པ་ར་སྤྲོད་བྱེད་ཀྱི་ཡོད། ཁོས་ད་བར་དུ་མི་སྒེར་དང་མཉམ་འབྲེལ་ཚོང་སྡེ་༥༠ལྷག་གི་གློག་ཀླད་མ་ལག་ནང་དུ་སིམ་འཛུལ་བྱས་ཡོད་ལ། བརྟག་དཔྱད་བྱས་པ་ལྟར་ན། ན་ཆུང་གློག་ཀླད་སིམ་འཛུལ་བ་མང་ཆེ་བས་གློག་ཀླད་སྤྱོད་མཁན་ཚོའི་གློག་ཀླད་དུ་གཏོར་བཅོམ་རང་བཞིན་ཚབས་ཆེན་ལྡན་པའི་ནད་འབུ་དང་དུག་རིགས་ཡོང་བར་འགོག་རྒོལ་བྱེད་ཀྱི་འདུག་ཟེར་ལ། གོང་གསལ་གྱི་ནད་འབུ་དང་དུག་རིགས་འདི་དག་ལ་གློག་ཀླད་མ་ལག་རྩ་མེད་དུ་གཏོང་བའི་ནུས་པ་ལྡན།


སངས་རྗེབ་ཀྱི་སློབ་སྦྱོང་དང་ལེགས་འགྲུབ་ཀྱི་ལོ་རྒྱུས།


རང་ལོ་༤ཐོག་ཏུ།
མི་ཕལ་བ་ཞིག་གིས་ཟླ་བ་༣གྱི་རིང་ལ་སྦྱོང་དགོས་པའི་གློག་ཀླད་ལེ་ཚན་བཟོ་སྒྲིག་གི་སློབ་ཚན་ཞིག་ཁོས་ཉིན་༡༥ནང་དུ་ཁོང་དུ་ཆུད།

རང་ལོ་༥ཐོག་ཏུ།
གློག་ཀླད་འགུལ་རིས་དང་HTMLསྒྲིག་བཟོའི་ལེ་ཚན། དེ་མིན་རི་མོ་སྒྲིག་བཟོ་ལེ་ཚན་དང་པར་རིས་སྒྲིག་བཟོ་ལེ་ཚན། པར་རིས་རྩོམ་སྒྲིག་ལེ་ཚན་བཅས་ཁོང་དུ་ཆུད།

རང་ལོ་༦ཐོག་ཏུ།
ཕྲ་མཉེན་ཚོང་སྡེའི་ལེ་ཚན་སྒྲིག་བཟོའི་མཐོ་རིམ་ཨང་རྟགས་ཇུས་འགོད་མཁས་པའི་ཐོབ་ཐང་བླངས། དེ་མིན་ལིན་ནཱག་སི་སོགས་ཀྱི་མ་ལག་འགའི་རྩ་ཐོའི་ཨང་རྟགས་ཇུས་འགོད་བཅས་ཀྱི་ཐད་ཞིབ་འཇུག་སློབ་མའི་ཐོབ་ཐང་བླངས།

རང་ལོ་༡༠ཐོག་ཏུ།
དགོས་ངེས་ཚད་གཞི་ཡོངས་ལ་རྒྱུགས་འཕྲོད་དེ་གློག་ཀླད་ལེ་ཚན་ཇུས་འགོད་ཀྱི་ཆེད་ལས་མཁས་པའི་ཐོབ་ཐང་དངོས་སུ་བླངས།


-- ཐེ་བྲག་པས་བསྡུས་ཏེ་བསྒྱུར།

གཤོག་ལྡན་རླངས་འཁོར།


གཤོག་ལྡན་རླངས་འཁོར་འདི་ནི་ཨ་རིའི་གནམ་གྲུ་བཟོ་གྲྭ་ཏེ་རཱ་ཧྥུའུ་རྒྱིས་ཡས་ཉེ་སྔོན་གསར་གཏོད་བྱས་པ་ཞིག་ཡིན་ལ་བསྡུས་མིང་ལ་བར་བརྒལ་ཟེར། གཤོག་ལྡན་རླངས་འཁོར་འདི་ཐོག་མར་ད་ལོའི་སྤྱི་ཟླ་༣པའི་ཚེས་༥ཉིན་གྲོང་ཁྱེར་ནེའུ་ཡོག་གི་ཕི་ལེ་ཚི་བྷག་རྒྱལ་སྤྱིའི་གནམ་ཐང་ནས་བདེ་ལེགས་ངང་འཕུར་བགྲོད་ཚོད་ལྟ་བྱས་ཟིན་ལ། ཚོད་ལྟ་བྱེད་མཁན་གྱི་་ཁ་ལོ་བ་མེ་ཏེར་གྱིས་བཤད་རྒྱུར། “འཕུར་སྐྱོད་ཐེངས་དང་པོ་བྱེད་སྐབས་ཀྱི་གནད་དོན་དང་པོ་ནི་གཏན་བརླིང་ཡིན་མིན་དེ་ཡིན་ལ། འདི་(གཤོག་ལྡན་རླངས་འཁོར)ནི་དངོས་གནས་བྲག་རྡོ་ལྟ་བུའི་སྲ་བརྟན་རེད་”ཟེར།
བར་བརྒལ་འདི་གནམ་གྲུ་ཞིག་ལས་རླངས་འཁོར་ཞིག་ཏུ་འགྱུར་བར་སྐར་ཆ་༣༠ཙམ་མ་གཏོགས་མི་དགོས་ལ། དེ་ཡང་གནམ་ནས་སར་བབས་མ་ཐག་ལམ་སེང་གཤོག་པ་གཉིས་ལྟེབས་རྩེག་བརྒྱབ་པས་ཆོག འདི་ནི་རྩེད་རིགས་གནམ་གྲུ་ཆུང་གྲས་ཀྱི་རིགས་སུ་བགར་ཡོད་པས་ཁ་ལོ་བར་རྩེད་རིགས་གནམ་གྲུའི་ཁ་ལོ་བའི་ལག་ཁྱེར་དགོས། གནམ་གྲུ་བཟོ་གྲྭས་གཤོག་ལྡན་རླངས་འཁོར་འདི་ག་དུས་ཁྲོམ་རར་འགྲེམས་རྒྱུ་ཡིན་མིན་ད་དུང་གསལ་བཤད་བྱས་མེད་ནའང་ད་ལྟ་ནས་མངགས་ཉོ་བྱེད་ཆོག་གི་ཡོད། མངགས་ཉོ་མཁན་གྱིས་ཨ་སྒོར་༡༠༠༠༠གཏའ་མར་འཇོག་དགོས་ལ་གཤོག་ལྡན་རླངས་འཁོར་གྱི་རིན་གོང་ངོ་མ་དེ་ཨ་སྒོར་༡༩༤༠༠༠ཙམ་ཡིན་པར་ཚོད་རྩིས་བྱེད་ཀྱི་ཡོད།

-- ཐེ་བྲག་པས་བསྡུས་བསྒྱུར་བྱས།

གཅིག་ང་ལ་བསྟན་ན་ཨེ་ཆོག

ཉིན་ཞིག་ལ་བློ་བཟང་དོན་དག་ཅིག་གི་ཆེད་དུ་གྲོགས་པོའི་ཁྱིམ་དུ་སོང་། གྲོགས་པོ་ཚང་གི་སྒོ་ཁར་སླེབས་པ་ན་ཁོས་སྒོ་དྲིལ་བརྡུངས་པས་གྲོགས་པོའི་ཆུང་མས་ཐོས།
“སུ་ཡིན།”
“བཀྲ་ཤིས་ནང་དུ་འདུག་གམ།”
“མི་འདུག ཁོ་ཚོང་ཁང་དུ་ཕྱིན་སོང་།”
“འོ་ན་ངས་ནང་ནས་ཅུང་ཙམ་སྒུག་ན་འགྲིག་གམ།”
“འགྲིག་དང་འགྲིག ནང་དུ་ཕེབས།”

ཁོང་ཚོ་སར་བསྡད་རྗེས་བློ་བཟང་གིས།
“ཚེ་རིང་འཚོ། ཁྱེད་ཀྱི་ནུ་མ་དེ་གཉིས་དངོས་གནས་མཛེས་ཤིང་ཆེ་བས་ངའི་མི་ཚེའི་ནང་ནས་འདི་འདྲ་མཐོང་མྱོང་མེད། དེ་བས་གལ་སྲིད་ཁྱེད་ཀྱིས་ང་ལ་ཁྱེད་ཀྱི་ནུ་མ་གཅིག་བསྟན་ན་ངས་ཁྱེད་ལ་སྒོར་མོ་བརྒྱ་བྱིན་ཆོག”

ཚེ་རིང་འཚོས་བསམ་བློ་ཅུང་ཙམ་བཏང་རྗེས། རེད། འདི་འདྲའི་སླ་བོས་སྒོར་མོ་བརྒྱ་ལེན་ཐུབ་ན་དེ་མི་ལེན་གང་ལེན་སྙམ་ཏེ་ལམ་སེང་སྟོད་ལྭའི་གོང་སྲུབས་ཁ་ཕྱེས། བློ་བཟང་གིས་ཁོ་མོར་ཐུགས་རྗེ་ཆེ་ཞུས་རྗེས་སྒོར་མོ་བརྒྱ་ཅོག་ཙེའི་ཐོག་ཏུ་གཡུགས།
ཁོང་ཚོ་ཅུང་ཙམ་བསྡད་རྗེས་ཡང་བསྐྱར་བློ་བཟང་གིས།
“ཁྱེད་ཀྱི་ནུ་མ་དེ་གཉིས་དངོས་གནས་མཛེས་པས་ངས་ནུ་མ་གཉིས་ཀ་ལ་བལྟ་ན་འདོད། གལ་སྲིད་ཁྱེད་ཀྱིས་ང་ལ་ནུ་མ་གཉིས་ཀ་བསྟན་ན་ངས་ཁྱེད་ལ་ཡང་བསྐྱར་སྒོར་མོ་བརྒྱ་བྱིན་ཆོག”

ཚེ་རིང་འཚོས་བསམ་བློ་ཅུང་ཙམ་བཏང་རྗེས། མི་འགྲིག་རྒྱུ་མི་འདུག་སྙམ་ནས་སྟོད་ལྭའི་གོང་སྲུབས་ཡོངས་སུ་ཕྱེས་ཏེ་བློ་བཟང་ལ་ཡིད་ཚིམས་པ་ཞིག་བལྟ་རུ་བཅུག བློ་བཟང་གིས་ཁོ་མོར་ཐུགས་རྗེ་ཆེ་ཞུས་རྗེས་ཡང་བསྐྱར་སྒོར་མོ་བརྒྱ་ཅོག་ཙེའི་ཐོག་ཏུ་གཡུགས། དེ་རྗེས་ཁོས་ད་ནི་སྒུག་ཡུན་རིང་སོང་བས་འགྲོ་དགོས་ཟེར་ནས་ཕྱིན་སོང་།
ཡུད་ཙམ་རྗེས་ནས་བཀྲ་ཤིས་ཁྱིམ་དུ་ཕྱིར་སླེབས། ཁོའི་ཆུང་མས་ཁོ་ལ་“ཁྱེད་ཀྱི་དགོད་བྲོ་བའི་གྲོགས་པོ་བློ་བཟང་ཟེར་བ་དེ་འདིར་སླེབས་བྱུང་།”
བཀྲ་ཤིས་ཀྱིས་འདང་ཞིག་བརྒྱབ་རྗེས། “འོ་རེད། ཁོས་ངའི་ལག་ནས་སྒོར་མོ་ཉིས་བརྒྱ་བསྐྱིས་སོང་བས་ཁྱེད་ཀྱི་ལག་ཏུ་སྐྱིན་ཚབ་བཞག་བྱུང་ངམ།”

བརྩེ་དུང་ཡང་དག

མི་ཞིག་གི་ཐེངས་དང་པོའི་བརྩེ་དུང་ནི་ཐེངས་གཉིས་པའི་བརྩེ་དུང་རྙེད་རག་བར་དུ་ཡང་དག་ཡིན།


-- ཨ་སི་ཋོན།

དྲ་ཐོག་གི་ཁྱི།

དྲ་ཐོག་ཏུ་ཁྱེད་རང་ཁྱི་ཞིག་ཡིན་རུང་ཤེས་མཁན་མེད།


-- ཕིས་ཋིར་སི་ཋེན་གྱིས།

མགོ་སྐོར།

ཁྱེད་ཀྱིས་མི་འགའ་རེར་དུས་རྟག་ཏུ་མགོ་སྐོར་གཏོང་ཐུབ་ལ། མི་ཚང་མར་མཚམས་མཚམས་སུ་མགོ་སྐོར་གཏོང་ཐུབ། འོན་ཀྱང་། ཁྱེད་ཀྱིས་མི་ཚང་མར་དུས་རྟག་ཏུ་མགོ་སྐོར་གཏོང་མི་ཐུབ།


-- ཨབ་ར་ཧམ་ལིན་ཁོན་གྱིས།